རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་།

Central For Middle Way Initiative

中间道路倡议中心

དབུ་མའི་ལམ་ཐོག་བོད་རིགས་གཞོན་སྐྱེས་བསམ་བློ་བའི་ཚོགས་འདུ་སྐབས་གསུམ་པ།

༄༅། །སྤྱི་ལོ་ ༢༠༢༢ ཟླ་ ༩ ཚེས ༡༨ དང་ ༡༩ ཉིན་གཉིས་རིང་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་གོ་སྒྲིག་འོག་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་ཞི་བདེ་གླེང་མོལ་ཁང་དུ༼དབུ་མའི་ལམ་ཐོག་བོད་རིགས་གཞོན་སྐྱེས་བསམ་བློ་བའི་ཚོགས་འདུ༽བསྐོང་འཚོགས་ཞུས་ཡོད།

ཐེངས་འདིའི་གཞོན་སྐྱེས་ཚོགས་འདུའི་སྟེང་སྐུ་མགྲོན་དུ་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ཀྱི་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་། རྡ་སྟེང་བོད་ཁྱིམ་སློབ་གྲྭའི་སྤྱི་ཁྱབ་འགན་འཛིན་རྒན་བསོད་ནམས་སྲི་གཅོད་མཆོག་རྣམ་གཉིས་ཕེབས་ཡོད་པ་མ་ཟད་ཚོགས་བཅར་བ་རྣམས་ལ་བླང་དོར་གྱི་བཀའ་སློབ་བཀའ་དྲིན་བསྐྱངས་ཡོད།

གཏམ་བཤད་པ་གདན་འདྲེན་གྱིས་བརྗོད་གཞི་མི་འདྲ་བའི་ཐོག་གཏམ་བཤད་དང་དྲི་བ་དྲིས་ལེན་གནང་ཡོད། དེ་ཡང་གཏམ་བཤད་པ་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཡང་སྟེང་སྤྲུལ་སྐུ་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན་མཆོག་གིས༼ཐུགས་བསྐྱེད་དམ་བཅའ་བཞི༽ཡི་སྐོར་ལ་གསུང་བཤད་དང་། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དང་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་འཕར་སྐུ་ངོ་བསྟན་འཛིན་ལེགས་བཤད་མཆོག་གིས༼དབུ་མའི་ལམ་དང་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ༽སྐོར་ལ་གསུང་བཤད་གནང་ཡོད། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་སྐུ་ངོ་ཟླ་བ་ཚེ་རིང་མཆོག་གིས་༼དབུ་མའི་ལམ་དང་བོད་རྒྱ་འབྲེལ་མོལ༽སྐོར་ལ་གསུང་བཤད་གནང་ཡོད། ཉམས་ཞིབ་པ་དང་རྩོམ་པ་པོ་ཤེས་རབ་དར་རྒྱས་མཆོག་ནས་༼དབུ་མའི་ལམ་དང་བོད་མི་རིགས་ཀྱི་ཕུགས་འདུན་༽སྐོར་ལ་གསུང་བཤད་གནང་ཡོད།

གཏམ་བཤད་པ་སོ་སོའི་གཏམ་བཤད་གྲུབ་མཚམས་དྲི་བ་གང་ཡོད་ལ་དྲིས་ལེན་ཡང་གནང་ཡོད།

དེ་བཞིན་ཚོགས་ཆུང་ཆ་བགོས་ཀྱིས་དབུ་མའི་ལམ་ཐོག་བོད་རིགས་གཞོན་སྐྱེས་བསམ་བློ་བའི་ཚོགས་འདུ་འདིའི་སྐོར་ལ་དགེ་སྐྱོན་སྤང་བླང་གི་བསམ་འཆར་བསྡུ་ལེན་ཞུས་ཡོད་པའི་ནང་གཅིག་མཚུངས་ཀྱིས་ཚོགས་འདུ་འདི་འདྲ་ལོ་ལྟར་འཚོག་དགོས་པ་དང་། ཚོགས་འདུ་འདི་བརྒྱུད་ནས་དབུ་མའི་ལམ་གྱི་ཐོག་སྔར་ལྷག་གོ་རྟོགས་བྱུང་ཡོད་པ། ཚང་མས་མུ་མཐུད་ནས་ནུས་པ་མཉམ་སྤུངས་ཀྱིས་སྤྱི་དོན་ལ་ལྷག་བསམ་རྣམ་དག་ཞུ་དགོས་པའི་བསམ་ཚུལ་བྱུང་ཡོད་པ་ནི་ཐེངས་འདིའི་ཚོགས་འདུའི་གྲུབ་འབྲས་གཅིག་རེད།

མདོར་དོན། རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་སྣེ་འཁྲིད་དང་འཆར་གཞིའི་འོག་དབུ་མའི་ལམ་ཐོག་བོད་རིགས་གཞོན་སྐྱེས་བསམ་བློ་བའི་ཚོགས་འདུ་ཐེངས་གསུམ་པ་རྒྱལ་ཁའི་ངང་བསྐོང་ཚོགས་ཐུབ་པ་བྱུང་ནས་ཚོགས་བཅར་བ་རྣམས་ལ་དབུ་མའི་ལམ་སྐོར་གྱི་སློབ་སྦྱོང་དང་གོ་རྟོགས་གསར་པ་ཞིག་བྱུང་ནས་སྤྱི་དོན་ལ་ལྷག་བསམ་དང་ནུས་པ་མཉམ་སྤུངས་ཀྱི་སེམས་ཤུགས་འཕར་ཐུབ་པ་བྱུང་ཡོད་པ་ནི་ཚོགས་བཅར་མི་རེ་ངོ་རེས་གལ་ཆེན་དུ་འཛིན་ནས་མཉམ་བཞུགས་གནང་བ་དང་། གཏམ་བཤད་པ་རྣམ་པས་ལྷག་བསམ་རྣམ་དག་གི་བཀའ་སློབ་གསུང་བཤད་གནང་བ། རྡ་ས་ས་གནས་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་རྒྱུན་ལས་རྣམ་པས་ཕྱག་རོགས་གནང་བ་དང་། རྡ་སྟེང་བོད་ཁྱིམ་སློབ་གྲྭ་ནས་ཆེ་མཐོང་ཆེན་པོས་ཚོགས་ཁང་དང་། མགྲོན་ཁང་གཡར་པོ་གནང་བ་སོགས་འབྲེལ་ཡོད་ཡོངས་ཀྱི་རྒྱབ་སྐྱོར་དང་སྐུ་ལས་སྐྱོན་པ་ལས་བྱུང་བ་ཞིག་ཡིན་པས་འབྲེལ་ཡོད་ཡོངས་ལ་གུས་འདུད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།