རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་།

Central For Middle Way Initiative

中间道路倡议中心

ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི།

ལེའུ་དང་པོ།    སྔོན་འགྲོ།

དོན་ཚན་དང་པོ།      སྒྲིག་གཞིའི་མིང་།

སྒྲིག་གཞི་འདི་ལ་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་བོད་རྒྱལ་ལོ་༢༡༤༨སྤྱི་ལོ་༢༠༢༢ཞེས་འབོད་རྒྱུ།

དོན་ཚན་གཉིས་པ།      ཆ་རྐྱེན།

སྒྲིག་གཞི་འདི་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་རྩ་འཛིན་སྒྲིག་གཞིའི་དོན་ཚན་ཉེར་གཅིག་པའི་ཆ་རྐྱེན་འོག་བཀོད་སྒྲིག་བྱས་པ་ཡིན།

དོན་ཚན་གསུམ་པ།        འགོ་འཛུགས།

ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་འདི་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་དུ་གཏན་འབེབས་བྱས་ཉིན་ནས་དངོས་སུ་ལག་བསྟར་བྱ་རྒྱུ།

དོན་ཚན་བཞི་པ།     ཁྱབ་ཚད།

རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་རྒྱུན་ལས་འདེམས་ཐོན་ཐོག་དམ་འབུལ་ཁས་ལེན་ཞུས་ཟིན་པ་ཡོངས་ལ་ཁྱབ་པ་ཡིན།

དོན་ཚན་ལྔ་པ།      ལས་ཁུར་དམ་བཅའ།

༡།   དབུས་རྒྱུན་འདེམས་ཐོན་བྱུང་བ་རྣམས་ཀྱིས་ལས་ཁུར་དུ་མ་ཞུགས་གོང་རྩ་འཛིན་སྒྲིག་གཞིའི་ཟུར་སྣོན་ཡིག་ཆ་(ཀ)བའི་འབྲི་དོན་ལྟར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་ལས་འཁུར་དམ་བཅའ་ཁས་ལེན་ཞུ་དགོས།དམ་བཅའམ་ཁས་ལེན་མ་ཟིན་གྱི་བར་སྐབས་དེའི་ཚོགས་གཙོས་དམ་འབུལ་ལས་རིམ་གོ་སྒྲིག་གནང་དགོས།

ལེའུ་གཉིས་པ།        དོན་ཚན་དྲུག་པ།

རྒྱུན་བཞུགས་ལས་བྱེད་ཀྱི་འོས་འགན་དང་ཐོབ་ཐང་།

༡།    ཚོགས་གཙོ་གཞོན་དང་།        དྲུང་ཆེ།རྩིས་པ་དངུལ་གཉེར་བཞི་ལས་གསུམ་རྒྱུན་ཞུགས་ལས་བྱེད་ཀྱི་ངོ་བོར་རྟག་བཅར་ཞུ་དགོས།     དེ་དག་ལ་མཐུན་འགྱུར་སྤྲོད་ཕྱོགས་སྐབས་སོ་སོའི་དབུས་རྒྱུན་མང་མོས་སམ་སྤྱི་མོས་ཀྱིས་ཐག་གཅོད་གནང་རྒྱུ།

༢།     རྒྱུན་ཞུགས་ལས་བྱེད་ནས་ཚུགས་གྲོལ་གྱི་ལས་བཅར་ཐོ་དེབ་ཏུ་མིང་རྟགས་རྒྱུན་དུ་འགོད་དགོས།

༣།       འཆར་འཕར་གུང་གསེང་ཁག་བོད་མིའི་སྒྲིག་འཛུགས་དང་གཅིག་གྱུར་ཡིན།  དེ་མིན་སྤྱི་སྒེར་གང་གི་ཆེད་དུ་ཕེབས་དགོས་བྱུང་ཚེ་ཕན་ཚུན་ཤེས་རྟོགས་ཀྱིས་ཕེབས་པ་ལས་རང་དགར་ཕེབས་མི་ཆོག།   

༤       རྒྱུན་ཞུགས་ལས་བྱེད་ལོ་རེར་ཕོགས་ཡོད་གུང་གསེང་ཟླ་གཅིག་ཡོད།གུང་གསེང་མ་ཞུས་ཚེ།ཉིན་གྲངས་ཇི་ཡོད་དངུལ་བསྒྱུར་བྱེད་ཆོག།

༥།     རང་འཁྲིའི་འོས་འགན་དག་སྒྲུབ་ཐོག་དབུ་མའི་ལམ་གྱི་སྲིད་བྱུས་དང་མཐུན་པའི་ཚོགས་སྡེ་གཞན་གྱི་ནང་མཚན་གནས་རྗེས་འབྲེལ་གྱི་ལས་ཁུར་ལེན་པའམ་ལས་དོན་སྒྲུབ་པར་དགག་བྱ་མེད་ཀྱང་།དབུ་མའི་ལམ་གྱི་ལྟ་གྲུབ་དང་མི་མཐུན་པའི་ཚོགས་སྡེ་གཞན་གྱི་ལས་དོན་བྱ་དགོས་ཚེ་ལས་འགུལ་ཁང་ནས་རྩ་དགོངས་ཞུ་དགོས།

༦།      གཞུང་དང་གཞུང་ཁོངས་མ་ཡིན་པའི་ཚོགས་སྡེ་ཁག་གི་ཟབ་སྦྱོང་དང་ཚོགས་འདུ།   ལས་འགུལ་གཞན་བཅས་ལ་བཅར་དགོས་བྱུང་ཚེ་ཚོགས་གཙོ་གཞོན་ནམ་དྲུང་ཆེ་སུ་རུང་བཅར་དགོས།   གསུམ་ག་དུས་ཁོམ་མ་བྱུང་སྐབས་རྒྱུན་ལས་གང་རུང་མངགས་གཏོང་ཆོག་པ་ཡིན།

༧།       དྲུང་ཆེས་རྐང་འགན་ཁུར་ཐོག་རྒྱུན་ཞུགས་ལས་བྱེད་ནས་ས་རྒྱུན་དང་འབྲེལ་མཐུད་པར་འབྲེལ་བ་དམ་ཟབ་རྒྱུན་སྐྱོང་བྱ་དགོས།

༨།   གོང་འོག་བཀའ་བཀོད་བྱ་སྤུ་སྣོན་གྱི་རིམ་པ་ལྟར་འགྲོ་དགོས་པ་དང་།ལས་འགན་བཀོད་སྒྲིག་གཞིར་བཟུང་རང་འཁྲིའི་ལས་དོན་འཐུས་གཙང་བསྒྲུབ་དགོས།

༩།      ཚོགས་པ་སྤྱི་བྱིངས་ཀྱི་མཚན་མཐོང་ལ་གནོད་གཞིའི་བྱ་སྤྱོད་ཅུང་ཟད་ཀྱང་མ་འཐོན་པ་དགོས་རྒྱུ་མ་ཟད།    རྒྱུན་གཏན་ནས་ཡིག་ཚང་དུ་ཕེབས་སྐབས་རང་ལུགས་མནབ་དགོས།

༡༠།    བོད་ནང་གི་ཛ་དྲག་གནས་སྟངས་ཐད་སྐབས་བབ་ལས་དོན་དམིགས་བསལ་གནང་དགོས་ཡོད་ཚེ།དེའི་བློ་འདོན་འགན་ཁུར་རྒྱུན་ལས་ཡོངས་ལ་འཁྲི་པ་ཡིན།

༡༡།      དབུས་དང་ས་གནས་རྒྱུན་ལས་སུས་དབུ་མའི་ལམ་གྱི་སྲིད་བྱུས་དང་འགལ་བའི་ལས་དོན་ཐོན་ཚེ།    ཚོགས་གཙོ་གཞོན་གཉིས་ནས་ཞིབ་འཇུག་གིས་ལེགས་ཉེས་ལམ་སྟོན་ཅི་ཡོང་བྱེད་དགོས།

དོན་ཚན་བདུན་པ།       ཕྱོགས་བཞུགས་རྒྱུན་ལས།

༡།      ཕྱོགས་བཞུགས་རྒྱུན་ལས་རྣམ་པས་རྒྱུན་དུ་ཚོགས་པའི་ལས་དོན་སྤྱི་བྱིངས་ཐུགས་སྣང་གནང་དགོས་པ་དང་།ཚོགས་པའི་རྒྱུན་བཞུགས་ལས་བྱེད་པའི་ལས་དོན་སྒྲུབ་ཕྱོགས་ལ་ལེགས་སྤེལ་ཉེས་འགོག་གི་དགོངས་འཆར་འབུལ་དགོས་རིགས་དུས་ཐོག་ཏུ་འབུལ་དགོས།

དོན་ཚན་བརྒྱད་པ།     གཞུང་དོན་ཕྱོགས་བསྐྱོད།

༡།    གཞུང་དོན་ཕྱོགས་བསྐྱོད་གོ་སྒྲིག་དགོས་རིགས་ནི་རྒྱུན་ལས་མཉམ་འཛོམས་ཐོགབསྐྱོད་ཡུལ་ས་གནས་དང་ལས་དོན།  འགོར་ཡུན་དུས་ཚོད་བཅས་ཐག་གཅོད་གང་གནང་རྩ་འཛིན་བྱ་རྒྱུ།

༢།     གཞུང་དོན་ཕྱོགས་བསྐྱོད་གྲུབ་མཚམས་ལས་བསྡོམས་ཁ་གསལ་རྒྱུན་ལས་ལ་སྙན་གསན་ཞུ་དགོས།

༣།      ཕྱོགས་བཞུགས་རྒྱུན་ལས་ཤིག་ཚོགས་པའི་ལས་དོན་ཆེད་ཕྱོགས་བསྐྱོད་བྱེད་དགོས་ཚེ།   གཞུང་དོན་ཕྱོགས་བསྐྱོད་ཀྱི་ཟས་དོད་དང་ལས་དོད་ཀྱི་ཐོབ་ཐང་སྒྲིག་གཞི་ན་གང་གསལ་ཞུ་ལེན་ཆོག་པ་ཡིན།

༤།        གཞུང་དོན་ཕྱོགས་བསྐྱོད་སྐབས་ཉིན་རེར་ལས་དོད་ཧིན་སྒོར་༥༠༠དང་ཟས་དོད་ཧིན་སྒོར་༦༠༠གནང་རྒྱུ།རྒྱུན་ཞུགས་ཕོག་ཡོད་ལས་བྱེད་ལ་ལས་དོད་མེད་།

༥།        ཕྱོགས་བཞུགས་རྒྱུན་ལས་ཤིག་ཚོགས་པའི་ལས་དོན་ཆེད་ཕྱོགས་བསྐྱོད་བྱེད་དགོས་ཚེ།   གཞུང་དོན་ཕྱོགས་བསྐྱོད་ཀྱི་ལས་དོད་དང་ཟས་དོད་གང་ཡོད་ཞུ་ལེན་ཆོག་པ་ཡིན།

༦།      གཞུང་དོན་ཕྱོགས་བསྐྱོད་སྐབས་མགྲོན་ཁང་ཉིན་རེར་ཧིན་སྒོར་༡༠༠༠ལས་གནང་མི་ཆོག    གལ་ཏེ་དེ་ཡན་བརྒལ་ན་རང་ངོས་ནས་ཁ་སྣོན་བྱེད་དགོས།

༧།       འགྲུལ་བསྐྱོད་སྐབས་སྤྱི་སྦྱོད་རླངས་འཁོར་AC Bus དང་མེ་འཁོར་ཡིན་ཚེ་གྲངས་གློག་ཅན་AC 2 ཡི་དོད་གནང་འཐུས།  གལ་ཏེ་དེ་ཡན་བརྒལ་ན་རང་ངོས་ནས་ཁ་སྣོན་བྱེད་དགོས།

༨།     གོང་གསལ་ཚོགས་པའི་ལས་དོན་ཆེད་ཕེབས་པའི་འགྲུལ་བཞུད་ཀྱི་ལམ་གྲོན་རྣམས་ཞུ་ལེན་བྱེད་པར་ངེས་པར་དུ་བྱུང་འཛིན་ངོ་མ་དགོས།   འཛིན་ཚབ་ཡིན་ཚེ་དེ་ལ་ཚོགས་གཙོ་གཞོན་ནམ་དྲུང་ཆེ་སུ་རུང་ནས་མཚན་རྟགས་བྱུང་རྗེས་གཞི་ནས་ལམ་གྲོན་རྣམས་ཞུ་སྤྲོད་ཆོག་པ་ཡིན།

༩།        དབུས་རྒྱུན་སུ་ཞིག་གཞུང་དོན་ཆེད་ཕྱིའི་རྒྱལ་ཁབ་ཁག་ཏུ་བསྐྱོད་དགོས་བྱུང་ཚེ།    ཕར་ཚུར་གཉིས་ཀྱི་རླངས་འཁོར་དང་གནམ་གླ    ཟས་དོད་དང་ལས་དོད།མགྲོན་ཁང་གི་རིན་པ་བཅས་ཅི་གནང་སྐབས་བབ་རྒྱུན་ལས་ཀྱི་ཐག་གཅོད་གནང་རྒྱུ།  

༡༠།   ལུགས་མཐུན་དགོངས་ཞུ་མ་གནང་བར་དབུས་རྒྱུན་ཚོགས་འདུར་བསྟུད་མར་ཐེངས་གཉིས་ལ་བཅར་ཞུགས་མ་བྱས་ཚེ་དབུས་རྒྱུན་ནས་རང་བཞིན་གྱིས་བུད་པ་ཡིན། 

རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་ནས།

སྤྱི་ལོ་༢༠༢༢ལོའི་ཟླ་༡༠ཚེས་༢༤ཉིན།